པཎ་ཆེན་རིན་པོ་ཆེས་གནང་བའི་བོད་ཤིང་མོ་སྦྲུལ་ལོའི་ལོ་གསར་ཤིས་ཚིག

  དཔྱིད་དཔལ་རབ་རྒྱས་ཉི་འོད་ཤིན་ཏུ་བཀྲ། དུས་དང་རྣམ་པའི་འཛུམ་མདངས་གསར་དུ་བཞད། མཛའ་ཞིང་བརྩེ་བའི་གྲོགས་པོ་རྣམ་པ་ཚོ། གནམ་ལོའི་རང་ཞལ་གསར་དུ་འཆར་ཞིང་། ནང་མི་ལྷན་དུ་འཛོམས་པའི་དུས་བཟང་འདིར། ངས་རྒྱལ་ཁབ་ཕྱི་ནང་དུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་བོད་ཤིང་སྦྲུལ་ལོའི་ལོ་གསར་གྱི་སྨོན་འདུན་ཞུ་རྒྱུ་ཡིན། ལོ་གསར་བཀྲ་ཤིས་བདེ་ལེགས། 

     འདས་མ་ཐག་པའི་ལོའི་ནང་། ང་ཚོས་དཀའ་སྤྱད་འབད་འབུངས་ཀྱིས་འོད་སྣང་གི་ཕྱོགས་སུ་བསྐྱོད་པ་དང་། ཆར་རླུང་གི་ལམ་བུ་མཉམ་དུ་འགྲིམ་ནས། མཛེས་སྡུག་གི་འཇའ་ཚོན་ལྷན་དུ་བསུས་པ་དང་། ཉི་འོད་ཀྱི་དྲོ་སྐྱིད་ཀྱང་མཉམ་དུ་རོལ་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འབད་འཐབ་ཀྱི་ལམ་བུའི་ཐོག རང་འཁྲིའི་ལས་འགན་ལེགས་པར་སྒྲུབ་མཁན་གྱི་མི་ཕལ་པ་རྣམས་ཀྱིས་སྤྱིར་བཏང་མ་ཡིན་པའི་ལེགས་སྐྱེས་ཕུལ་ཡོད།

 

     འདས་མ་ཐག་པའི་ལོའི་ནང་། ངས་བོད་ལྗོངས་དང་མཚོ་སྔོན་གྱི་བོད་འབྲེལ་ཁུལ་དང་རྫོང་20ལྷག་ཙམ་ལ་འཚམས་འདྲི་དང་རྟོག་ཞིབ་བྱས་པ་ཡིན། མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་། མང་ཚོགས་རྣམས་བདེ་འཁོད་ལས་བརྩོན། ཞི་བདེ་ལྷིང་འཇགས། གྲ་རྒྱས་ཕུན་སུམ་ཚོགས་པའི་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་པ་མིག་མཐོང་ལག་ཟིན་བྱུང་། བྱིས་པ་རྣམས་ཀྱང་བདེ་ཐང་ངང་འཚར་ལོངས་ཡོང་བཞིན་པ་དང་། བགྲེས་སོང་རྣམས་ཚེ་མཇུག་གི་བདེ་སྐྱིད་འཚོ་བ་སྐྱེལ་བ། གཞོན་ནུ་རྣམས་ནས་ཕུགས་འདུན་གྱི་ཆེད་དུ་ཧུར་བརྩོན་བྱེད་བཞིན་འདུག ལྷ་མོའི་ཟློས་གར་གྱི་རྒྱུན་འཛིན་པས་གར་སྟེགས་ཐོག་གར་གྱི་ཉམས་འགྱུར་སྣ་ཚོགས་ཐོག་ནས་གནའ་ཉམས་དེང་སྲོལ་འཁྲབ་སྟོན་བྱེད་པ། སྲོལ་རྒྱུན་ལག་ཤེས་གསར་གཏོད་རང་བཞིན་གྱི་རྒྱུན་འཛིན་དང་གོང་སྤེལ་བཏང་བས། རིག་གནས་ཀྱི་རྣམ་པ་གསར་པ་མངོན་བཞིན་འདུག ལོ་གཅིག་ནང་། བོད་ལྗོངས་སུ་ལས་ཞུགས་འབབ་འཕར་བྱུང་བ་དང་། རྨང་གཞིའི་རྒན་གསོའི་དངུལ་མཐོ་རུ་ཕྱིན་པ། ས་ཆ་གཞན་དུ་སྨན་བཅོས་བྱེད་པའི་ཁྱབ་རྒྱ་ཆེ་རུ་ཕྱིན་པ། ཁང་པ་ཉོས་པའི་དངུལ་བུན་གྱི་སྐྱེད་ཁ་དམའ་རུ་བཏང་བ། ཚང་མའི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་སེམས་ཆེ་རུ་ཕྱིན་པ་དང་། མི་རྣམས་ཀྱི་བཞིན་རས་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་འདུག བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་སུ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་ཞིང་འབྲོག་ཁུལ་དུ་སྤེལ་བ་དང་། ཚང་མས་གླུ་ལེན་གར་འཁྲབ་ཀྱིས་རླབས་ཆེན་གྱི་མེས་རྒྱལ་ལ་བསྟོད་གླུ་ལེན་པ་དང་། དུས་རབས་གོང་འཕེལ་ལ་བཅངས་པའི་དྲིན་གཟོའི་བསམ་པ་མཚོན་པར་བྱེད་པ། བསམ་འདུན་བཟང་པོ་སྙན་མོའི་གླུ་རུ་བླངས་ནས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་མཚོན་བཞིན་འདུག

 

     འདས་མ་ཐག་པའི་ལོའི་ནང་། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སླར་ཡང་མཐོ་ཚད་གསར་པར་སླེབས་པ་དང་། ཆོས་དད་རང་མོས་ལ་འགན་སྲུང་ཡག་པོ་ཐུབ་ཡོད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་དེ་བས་གཏིང་ཟབ་ངང་སྐྱོད་བཞིན་ཡོད། དགོན་སྡེའི་དཔེ་མཛོད་ཁང་དུ་ཤེས་རབ་སྒྲོན་མེ་རྒྱུན་དུ་གསལ་བ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་བ་དང་སྤྱོད་པ་དམངས་ཀྱི་འཚོ་བའི་གོམས་གཤིས་སུ་འགྱུར་བ་བཅས་མཐོང་བྱུང་ལ། ས་མཐོའི་འགྲིམ་འགྲུལ་སྔ་ན་མེད་པའི་སྒོ་ནས་སྟབས་བདེ་རུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་རྣམ་པ་གསར་རྐྱང་ལ་འགྱུར་བ། དམངས་ཕན་གྱི་ལས་གྲྭ་ལག་བསྟར་བྱས་པས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་འདུག ལྷ་ས་ནས་གཞིས་ཀ་རྩེའི་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ས་བབ་ཆེས་མཐོ་བའི་ས་ཁུལ་དུ་རླུང་གློག་རྣམ་གྲངས་ཟླ་སྒྲིལ་གཏོང་རྒྱུ་ལེགས་གྲུབ་བྱུང་བ། བོད་སྨན་གྱི་རིག་ལྡན་བཟོ་གྲྭས་སྤུས་གསར་ཐོན་ནུས་འཕེལ་བར་བྱས་པ་སོགས་ལས། གནའ་བོའི་མཚོ་བོད་ས་མཐོར་སྣ་མང་ཕུན་སུམ་ཚོགས་པའི་དུས་རབས་ཀྱི་ཉམས་བཟང་མངོན་པ་དང་། ས་མཐོའི་མི་རིགས་ཁག་གི་མི་དམངས་རྣམས་དུས་རབས་གོང་འཕེལ་དང་བསྟུན་ནས་མདུན་སྐྱོད་ཐུབ་པ་བྱུང་ཡོད།

 

     ཉེ་དུས། བོད་ལྗོངས་དིང་རིའི་ས་ཡོམ་དེར་རྒྱལ་ཡོངས་མི་དམངས་ཀྱིས་སེམས་ཁྲལ་ཆེན་པོ་གནང་ཡོད། ཆག་སྒོ་དེའི་མདུན་དུ། མི་ཡུལ་གྱི་དྲོ་སྐྱིད་དང་མི་སེམས་ཀྱི་བརྩེ་བ་ཟབ་མོ་མཐོང་བྱུང་། མི་དམངས་བུ་ཕྲུག་དམག་འཕྲལ་མ་ཉིད་དུ་གནོད་འཚེ་ཕོག་ཁུལ་དུ་ཕེབས་པ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་རོགས་རམ་འོག ཞིག་རོའི་ཐོག་བསྐྱར་བཞེངས་བྱེད་པ་ནི་ཁང་པ་ཙམ་མ་ཡིན་པར་དེ་བས་ཡིད་ཆེས་དང་རེ་བ་རེད། མཐུན་སྒྲིལ་མཛའ་བཤེས་དང་ཕྱར་བ་གྲུ་འདེགས་ཀྱི་སྟོབས་ཤུགས་འདི་ནི་དགུན་དུས་ཀྱི་ཉི་འོད་དང་འདྲ་བར་ང་ཚོར་དྲོ་སྐྱིད་སྦྱིན་ཡོད། དཀའ་ངལ་མཉམ་སེལ་གྱི་སྟོབས་ཤུགས་འདི་ནི་མུན་ནག་ཁྲོད་ཀྱི་སྒྲོན་མེ་དང་འདྲ་བར་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུ་གསལ་ཡོད། ཕྱོགས་ཁག་གི་འབད་བརྩོན་འོག གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་རྣམས་མྱུར་དུ་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་རེད།

 

     དཔྱིད་ཀ་ཤར་བ་ནི་རེ་བ་དང་འོད་སྣང་གི་འགྲུལ་བཞུད་གསར་པ་འགོ་ཚུགས་པ་ཞིག་རེད། དེ་ནི་གངས་རིའི་རྩེ་ནས་ཤར་བའི་ཉི་གཞོན་དང་འདྲ་བར་ཇི་འདྲའི་དྲོ་སྐྱིད་ལྡན་པ་ཞིག་རེད་ཨང་། ང་ཚོས་དྲིན་ཚོར་གྱི་གྲུ་གཟིངས་དེ་ཧུར་བརྩོན་གྱི་སྐྱ་བས་སྐུལ་བ་དང་། བྱམས་དང་སྙིང་རྗེའི་ཁྲོད་ཤེས་རབ་འཕེལ་བ། གཅེས་སེམས་ཁྲོད་སྙིང་སྟོབས་རྒྱས་པ་བཅས་བྱས་ནས། དཀའ་ཉེན་སྣ་ཚོགས་ཁྲོད་འཚར་ལོངས་དང་སྟོབས་ཆེར་འགྱུར་བ་བྱས་ཏེ། ཉི་འོད་རྣམ་པར་བཀྲ་བའི་སྦྲུལ་ལོའི་ནང་བློ་རྩ་བརྟན་པོས་མདུན་སྐྱོད་བྱེད་དགོས།

 

     བདག་གི་བསོད་ནམས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་མ་ལུས་པ། །སྡིག་པ་ཐམས་ཅད་སྤངས་ནས་ནི། །རྟག་ཏུ་དགེ་བ་བྱེད་པར་ཤོག །

 

     ངས་ལོ་ཆུང་རྣམས་བློ་རིག་བཀྲ་བ་དང་། རྒན་པ་རྣམས་བསམ་དོན་ཆོས་བཞིན་འགྲུབ་པ། ལྷན་རྒྱས་ཚང་མ་ཐུགས་སེམས་སྤྲོ་པོ་དང་། ཐུགས་དམ་གོང་འཕེལ་གྱི་སྨོན་འདུན་ཞུ་རྒྱུ་དང་། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་བ་དང་། འཛམ་གླིང་ཞི་བདེ་ཡོང་བའི་སྨོན་འདུན་ཞུ་རྒྱུ། ཤིང་མོ་སྦྲུལ་གྱི་ལོ་ལ་ཚང་མ་བཀྲ་ཤིས་པ་དང་། སེམས་བཟང་ཅན་རྣམས་བསོད་ནམས་འཕེལ་བའི་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། ཚང་མ་ལོ་གསར་བཀྲ་ཤིས་བདེ་ལེགས། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
来源:中央广播电视总台藏语广播